当前位置: 首页 / 翻译园地 / 法律法规

ནད་ཐག་བཅད་ནས་ད་དུང་སྤྱི་སྤྱོད་རླངས་འཁོར་དུ་འདུག་པ་དང་། རྔོན་ཟས་ཡིན་པར་ཤེས་ཀྱང་ད་རུང་ཉོས་ནས་ཟ་བ། མཉམ་ཞ...

发布时间:2020-03-20
字体:
来源:州编译局
分享到:

ནད་ཐག་བཅད་ནས་ད་དུང་སྤྱི་སྤྱོད་རླངས་འཁོར་དུ་འདུག་པ་དང་། རྔོན་ཟས་ཡིན་པར་ཤེས་ཀྱང་ད་རུང་ཉོས་ནས་ཟ་བ། མཉམ་ཞོག བྱ་སྤྱོད་འདི་དག་ནི་ཁྲིམས་འགལ་ནག་ཉེས་ཡིན་ཤས་ཆེ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།

ནད་ཐག་བཅད་པའི་ནད་པས་བཀར་འཇུག་བྱེད་པར་ངོ་རྒོལ་བྱས་ཏེ་སྤྱི་སྤྱོད་རླངས་འཁོར་དུ་འདུག་པ།

ནད་དོགས་ཆེ་མཁན་གྱིས་སྨན་པར་ཁ་ཆུ་འཕེན་པ།

རྔོན་ཟས་ཡིན་པར་ཤེས་ཀྱང་ད་རུང་ཉོས་ནས་ཟ་བ།

ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་མཉམ་འབྲེལ་བྱས་ཏེཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་གནོད་རྐྱེན་བཟོ་བའི་ཁྲིམས་འགལ་ནག་ཉེས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པའི་སྐོར་གྱི་བསམ་འཆར》(གཤམ་དུ་བསྡུས་མིང་ལབསམ་འཆརཟེརགཏན་ལ་ཕབ་ནས་འགྲེམ་སྤེལ་བྱས་ཤིང་། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་གནོད་རྐྱེན་བཟོ་བའི་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ཇི་ལྟར་ཁྲིམས་ཆད་གཅོད་དགོས་པར་ལན་བཏབ་ཡོད།

གཤམ་གྱི་བྱ་སྤྱོད་འདི་དག་ཚང་མ་ཁྲིམས་འགལ་ནག་ཉེས་ཡིན་ཤས་ཆེ།

ནད་ཐག་བཅད་རྗེས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། ནད་ཐག་བཅད་པའི་ཏོག་གསར་གློ་ཚད་ནད་པ་དང་ནད་གཞི་ཡོད་མཁན་དག་གིས་བཀར་འཇུག་སྨན་བཅོས་བྱ་རུ་མི་འཇུག་པའམ་ཡང་ན་བཀར་འཇུག་དུས་ཡུན་མ་ལོང་བར་རང་དགར་ངང་བཀར་འཇུག་སྨན་བཅོས་དང་བྲལ་བར་མ་ཟད། ད་དུང་མི་ཚོགས་འདུ་སར་འགྲོ་བའམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་འདུག་པ་དང་། དོགས་ཡོད་ནད་པས་བཀར་འཇུག་བྱ་རུ་མི་འཇུག་པར་མི་ཚོགས་འདུ་སར་འགྲོ་བའམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ནས། ཏོག་དབྱིབས་ནད་དུག་གསར་བ་མཆེད་དུ་བཅུག་ན། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་བ་དང་དོན་ཚན་བརྒྱ་དང་བཅོ་ལྔ་བའི་དུམ་ཚན་དང་བོའི་གཏན་འབེབས་ལྟར། ཉེན་ཁ་ཡོད་པའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།

ཁྲིམས་སྲོལ་སྦྲེལ་མཐུད།
   
       ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་བཅུ་བཞི་བའི་གཏན་འབེབས་ལྟར་ན། ཉེན་ཁ་ཡོད་པའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་རུང་། ངན་འབྲས་ཚབས་ཆེན་བཟོས་མེད་པའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་གྱི་ཉེས་ཆད་གཅོད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་བཅོ་ལྔ་བའི་གཏན་འབེབས་ལྟར་ན། ཉེན་ཁ་ཡོད་པའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་སྐྱོན་ནམ་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་བཅུའི་ཡན་དང་ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་དགོས།

བཀར་འཇུག་བྱ་རུ་མི་འཇུག་པ་དང་ལས་དོན་མི་སྣས་འགོག་བཅོས་བྱེད་པར་བཀག་འགོག་བྱས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར།  རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་གཞིར་བཟུང་ནས་བཏོན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་ལེན་མི་བྱེད་པར། ཏོག་དབྱིབས་ནད་དུག་གསར་བ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་བའི་གཏན་འབེབས་ལྟར། འགོས་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ནག་ཉེས་ལྟར་ཁྲིམས་ཆད་གཅོད་དགོས། དྲག་ཤུགས་དང་འཇིགས་སྐུལ་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་འགོས་ནད་སྔོན་འགོག་དང་ནད་ཡམས་བརྟག་དཔྱད། བཙན་གྱིས་བཀར་འཇུག བཀར་འཇུག་སྨན་བཅོས་སོགས་ཀྱི་བྱེད་ཐབས་བཀོལ་བར་བཀག་འགོག་བཟོས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་དུམ་ཚན་དང་བོ་དང་གསུམ་པའི་གཏན་འབེབས་གཞིར་བཟུང་ནས། གཞུང་དོན་ལ་གནོད་རྐྱེན་བཟོས་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་གཏུམ་སྤྱོད་འཇབ་རྒོལ་བྱས་ཚེ། གཞུང་དོན་སྒྲུབ་པར་གནོད་རྐྱེན་བཟོས་པའི་ནག་ཉེས་ལྟར་ཉེས་ཆད་ལྗིད་མོ་གཅོད་དགོས།
   
     ཁྲིམས་སྲོལ་སྦྲེལ་མཐུད།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་བའི་གཏན་འབེབས་ལྟར་ན། རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་ལེན་དུ་མི་བསྟར་བ་དང་། འགོས་ནད་ཀ་རིགས་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས།  ངན་འབྲས་ཧ་ཅང་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་དགོས།
    
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་གཏན་འབེབས་ལྟར་ན། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་ཁྲིམས་ལྟར་ལས་སྒྲུབ་བྱེད་པར་བཀག་འགོག་བྱས་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་དང་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དམ་དངུལ་ཆད་བཅས་གཅོད་དགོས། རང་བྱུང་གནོད་སྐྱོན་དང་ཐོལ་བྱུང་དོན་རྐྱེན་ཁྲོད་དུ་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱ་གྲམ་དམར་པོའི་ཚོགས་པའི་ལས་བྱེད་མི་སྣས་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་བཀག་འགོག་བྱས་པའི་རིགས་ལ། དུམ་ཚན་དང་བོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་དགོས། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱས་ན་དུམ་ཚན་དང་བོའི་གཏན་འབེབས་ལྟར་ཉེས་ཆད་ལྗིད་མོ་གཅོད་དགོས།

འགོག་སྲུང་ལྭ་བ་འཕྲལ་མི་ཆོག་པ་དང་སྨན་དོན་མི་སྣར་ཁ་ཆུ་འཕངས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། བསམ་བཞིན་དུ་སྨན་དོན་མི་སྣར་རྨས་ནས་མཇུག་འབྲས་ཚབས་ཆེན་བཟོས་པའམ་ཡང་ན་སྨན་དོན་མི་སྣའི་འགོག་སྲུང་སྒྲིག་ཆས་དབྲལ་བ་དང་དེར་ཁ་ཆུ་འཕེན་པ་སོགས་ཀྱི་བྱ་སྤྱོད་སྤེལ་ནས། སྨན་དོན་མི་སྣར་ཏོག་དབྱིབས་ནད་དུག་གསར་བ་འགོས་སུ་བཅུག་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་བའི་གཏན་འབེབས་གཞིར་བཟུང་ནས་བསམ་བཞིན་དུ་གནོད་འཚེ་བཏང་བའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།
    
ཁྲིམས་སྲོལ་སྦྲེལ་མཐུད།
    
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་གཏན་འབེབས་ལྟར་ན། བསམ་བཞིན་དུ་མི་གཞན་གྱི་ལུས་ཁམས་ལ་གནོད་འཚེ་བཏང་བའི་རིགས་ལ། དུས་བཙོན་ལོ་གསུམ་མན་དང་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་དགོས། དུམ་ཚན་སྔོན་མའི་བྱས་ཉེས་བསགས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་དགོས་པ་དང་། མི་ཤི་རུ་བཅུག་པའམ་གདུག་རྩུབ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་དབང་བོ་སྐྱོན་ཅན་བཟོས་པའི་རིགས་ལ། དུས་བཙོན་ལོ་བཅུའི་ཡན་དང་ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་དགོས།

འགོས་ནད་འགོག་སྨན་རྫུན་མ་བཙོངས་མི་ཆོག་པ་དང་ཁ་ཐུམ་རྫུན་མ་བཟོ་འཚོང་བྱས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་དུས་སྤུས་ཀ་ཞན་པའི་འགོག་བཅོས་དང་འགོག་སྲུང་ཐོན་རྫས། དངོས་ཟོག་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའམ་ཡང་ན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཀྱི་སྨན་རྫུན་མ་དང་སྨན་སྤུས་ཞན་པ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ན། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཞི་བཅུ་དང་དོན་ཚན་བརྒྱ་དང་ཞེ་གཅིག་པ། དོན་ཚན་བརྒྱ་དང་ཞེ་གཉིས་པའི་གཏན་འབེབས་དག་དང་མཐུན་པའི་རིགས་ལ། སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ནག་ཉེས་དང་སྨན་རྫུན་མ་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ནག་ཉེས་སམ་ཡང་ན་སྨན་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། མིའི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དག་དང་མི་མཐུན་པའི་སྨན་བཅོས་ལ་བཀོལ་བའི་ཁ་ཐུམ་དང་མིག་སྲུང་ཤེལ། འགོག་སྲུང་ལྭ་བ་སོགས་སྨན་བཅོས་ཡོ་བྱད་ཐོན་སྐྱེད་བྱེད་པའམ་ཡང་ན་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཡིན་པ་ཤེས་བཞིན་དུ་ཕྱིར་འཚོང་བྱས་ཏེ། མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་ངེས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་བའི་གཏན་འབེབས་གཞིར་བཟུང་ནས་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།
  ཁྲིམས་སྲོལ་སྦྲེལ་མཐུད།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་བཞི་བཅུ་བའི་གཏན་འབེབས་ལྟར་ན། ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་ཐོན་རྫས་ཀྱི་ནང་དུ་འདྲ་མ་འདྲེས་པ་དང་རྫུན་མ་བསྲེས་པ། རྫུན་མ་ངོ་མར་བརྫུས་པ། སྤུས་ཞན་སྤུས་ལེགས་ལ་བརྫུས་པའམ་ཡང་ན་ཚད་དང་མི་མཐུན་པའི་ཐོན་རྫས་ཚད་མཐུན་གྱི་ཐོན་རྫས་ལ་བརྫུས་ནས་བཙོངས་རིན་བསྡོམས་གྲངས་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ཉི་ཤུ་མ་ལོངས་པའི་རིགས་ལ། དུས་བཙོན་ལོ་གཉིས་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས་པའམ་ཡང་ན་དངུལ་ཆད་གཅིག་པུ་གཅོད་དགོས། བཙོངས་རིན་བསྡོམས་གྲངས་སྒོར་ཁྲི་ཉི་ཤུའི་ཡན་ནས་སྒོར་ཁྲི་ལྔ་བཅུར་མ་ལོངས་པའི་རིགས་ལ། དུས་བཙོན་ལོ་གཉིས་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས། བཙོངས་རིན་བསྡོམས་གྲངས་སྒོར་ཁྲི་ལྔ་བཅུའི་ཡན་ནས་སྒོར་ཁྲི་ཉིས་བརྒྱ་རུ་མ་ལོངས་པའི་རིགས་ལ། དུས་བཙོན་ལོ་བདུན་ཡན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས། བཙོངས་རིན་བསྡོམས་གྲངས་སྒོར་ཁྲི་ཉིས་བརྒྱ་ཡན་ཟིན་པའི་རིགས་ལ། དུས་བཙོན་ལོ་བཅོ་ལྔའམ་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།
   
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་ཞེ་གཅིག་པའི་གཏན་འབེབས་ལྟར་ན། སྨན་རྫུན་མ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་གཅོད་དགོས། མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ། དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་ཀྱང་གཅོད་དགོས། མི་ཤི་རུ་བཅུག་པའམ་ཡང་ན་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ། དུས་བཙོན་ལོ་བཅུའི་ཡན་དང་ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་དགོས་པར་མ་ཟད། ད་དུང་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།
    
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་ཞེ་གཉིས་པའི་གཏན་འབེབས་ལྟར་ན། སྨན་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ནས་མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས།  ངན་འབྲས་ཤིན་ཏུ་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཙོན་ལོ་བཅུའི་ཡན་ནམ་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།
    
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་བའི་གཏན་འབེབས་ལྟར་ན། མིའི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དག་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་དང་། སྨན་བཅོས་ལ་མཁོ་བའི་འཕྲོད་བསྟེན་རྒྱུ་ཆ་ཐོན་སྐྱེད་བྱས་པའམ་ཡང་ན་མིའི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དག་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་དང་། སྨན་བཅོས་ལ་མཁོ་བའི་འཕྲོད་བསྟེན་རྒྱུ་ཆ་ཡིན་པ་ཤེས་བཞིན་དུ་ཕྱིར་འཚོང་བྱས་ནས་མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་ངེས་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས། མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས། ངན་འབྲས་ཤིན་ཏུ་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་བཅུའི་ཡན་ནམ་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་བཙོངས་རིན་བསྡོམས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུའི་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།

ཁ་ཐུམ་གྱི་རིན་གོང་ཧམ་སྤར་བྱས་མི་ཆོག་པ་དང་སྨན་རྫས་གསོག་ཉར་དང་ཚོད་འཛིན་བྱས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲོམ་རའི་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་གཏན་འབེབས་དང་འགལ་ནས། འབེལ་ཉོ་དཀོན་འཚོང་བྱེད་པ་དང་འགོས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་ཁ་ཐུམ་དང་། མིག་སྲུང་ཤེལ། འགོག་སྲུང་གྱོན་ཆས། དུག་སེལ་གཤེར་ཁུ་སོགས་འགོག་སྲུང་མཁོ་ཆས་དང་སྨན་རྫས་སམ་ཡང་ན་དམངས་འཚོ་དང་འབྲེལ་བ་ཡོད་པའི་དངོས་རྫས་གཞན་དག་གི་རིན་གོང་ཧམ་སྤར་བྱས་ནས། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པ་དང་ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དང་ཉེར་ལྔ་བའི་དུམ་ཚན་བཞི་བའི་གཏན་འབེབས་གཞིར་བཟུང་ནས། ཁྲིམས་འགལ་འཚོང་གཉེར་གྱི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།
   
ཁྲིམས་སྲོལ་སྦྲེལ་མཐུད།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་བའི་གཏན་འབེབས་ལྟར་ན། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་ཚོང་རའི་སྒྲིག་ལམ་དཀྲུག་པའི་ཉེས་ཚབས་ཆེ་བའི་རིགས་ལ། དུས་བཙོན་ལོ་ལྔའི་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔའི་མན་བར་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ལྷག་པར་ཆེ་བའི་རིགས་ལ་དུས་བཙོན་ལོ་ལྔའི་ཡན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔའི་མན་བར་གྱི་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།

འགོས་ནད་བྱུང་ཚུལ་ལ་བརྟེན་ནས་ཞལ་འདེབས་བསླུ་ལེན་བྱས་མི་ཆོག་པ་དང་དྲིལ་བསྒྲགས་རྫུན་མ་བྱས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་བཀོལ་པའི་དངོས་རྫས་ཞིབ་འཇུག་དང་གསར་བཟོ། ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་བཅས་ལ་ཁ་གཡར་ནས་གཞུང་སྒེར་རྒྱུ་ནོར་གཡོ་ལེན་བྱས་པའམ་ཡང་ན་དོན་དངོས་རྫུན་བཟོ་བྱས་ནས་མང་ཚོགས་ཀྱིས་ཞལ་འདེབས་སུ་ཕུལ་བའི་དངུལ་དངོས་གྲངས་འབོར་མང་ཙམ་བསླུ་ལེན་བྱེད་མཁན་དག་ལ།  ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་གཏན་འབེབས་གཞིར་བཟུང་ནས། ཁ་བསླུས་བརྒྱབ་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་འགོས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་པར་ཁ་གཡར་ཏེ་བརྡ་ཁྱབ་ལ་བརྟེན་ནས་འགྲེམ་འཚོང་བྱེད་པའི་ཚོང་ཟོག་གམ་ཞབས་ཞུ་དྲིལ་བསྒྲགས་རྫུན་མ་བྱས་ནས་མི་མང་བོར་མགོ་སྐོར་གཏོང་བ་དང་། ཁྲིམས་འགལ་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་གཉིས་པའི་གཏན་འབེབས་ལ་གཞིགས་ནས་བརྡ་ཁྱབ་རྫུན་མའི་བྱས་ཉེས་ལྟར་ཉེས་ཆད་གཅོད་དགོས།

ཁྲིམས་སྲོལ་སྦྲེལ་མཐུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་གཏན་འབེབས་ལྟར་ན། གཞུང་སྒེར་གྱི་རྒྱུ་ནོར་གྲངས་འབོར་ཆེ་ཙམ་ཁ་བསླུས་བརྒྱབ་པའི་རིགས་ལ། ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་ཀྱང་གཅོད་དགོས་པའམ་ཡང་ན་དངུལ་ཆད་གཅིག་པུ་གཅོད་དགོས། གྲངས་འབོར་ཧ་ཅང་ཆེ་བའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ། དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་ཀྱང་གཅོད་དགོས། གྲངས་འབོར་དེ་ལས་ཀྱང་ཧ་ཅང་ཆེ་བའམ་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ། ལོ་བཅུའི་ཡན་གྱི་དུས་བཙོན་ནམ་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་ཉེར་གཉིས་པའི་གཏན་འབེབས་ལྟར་ན། བརྡ་ཁྱབ་བདག་པོ་དང་བརྡ་ཁྱབ་གཉེར་སྐྱོང་བྱེད་མཁན། བརྡ་ཁྱབ་འགྲེམ་སྤེལ་བྱེད་མཁན་བཅས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས། བརྡ་ཁྱབ་བེད་སྤྱད་དེ་ཚོང་ཟོག་གམ་ཞབས་ཞུའི་ཐད་ཀྱི་དྲིལ་བསྒྲགས་རྫུན་མ་བྱས་པའི་གནས་ཚུལ་ཚབས་ཆེ་བའི་རིགས་ལ། དུས་བཙོན་ལོ་གཉིས་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་གཅོད་དགོས་པའམ་ཡང་ན་དངུལ་ཆད་གཅིག་པུ་གཅོད་དགོས།

འགོས་ནད་བྱུང་ཚུལ་ལ་བརྟེན་ནས་དཀྲོག་གཏམ་བརྒྱུད་བཟོ་བྱས་མི་ཆོག་པ་དང་དཀྲོག་གཏམ་རྒྱ་ཡན་དུ་བཏང་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོས་ནས། ཆ་འཕྲིན་དྲ་བའམ་སྨྱན་སྦྱོར་གཞན་དག་ཏུ་ཁྱབ་སྤེལ་བྱས་པའམ་ཡང་ན་འགོས་ནད་བྱུང་ཚུལ་སྐོར་གྱི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ།  ཆ་འཕྲིན་དྲ་བའམ་སྨྱན་སྦྱོར་གཞན་དག་གི་ཐོག་ཏུ་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུག་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་གསེས་དུམ་ཚན་གཉིས་པའི་གཏན་འབེབས་ལ་གཞིགས་ནས། ཆ་འཕྲིན་རྫུན་མ་བཟོས་པ་དང་བསམ་བཞིན་དུ་ཁྱབ་སྤེལ་བྱས་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་གཏན་འབེབས་བྱས་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་མི་བསྒྲུབ་པ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་བཅུག་ཀྱང་ཡོ་བསྲང་མི་བྱེད་པར། འགོས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མའམ་ཡང་ན་ཁྲིམས་འགལ་གྱི་ཆ་འཕྲིན་གཞན་དག་མང་བོ་ཁྱབ་སྤེལ་བྱས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གྱ་དྲུག་པའི་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ནས། ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་མི་བསྒྲུབ་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།

ཁྲིམས་སྲོལ་སྦྲེལ་མཐུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་གཏན་འབེབས་ལྟར་ན། ཉེན་ཁའི་གནས་ཚུལ་དང་འགོས་ནད་བྱུང་ཚུལ། གནོད་སྐྱོན་བྱུང་ཚུལ། ཉེན་ཟོན་གནས་ཚུལ་བཅས་རྫུན་མ་བཟོས་ནས་ཆ་འཕྲིན་དྲ་རྒྱའམ་ སྨྱན་སྦྱོར་གཞན་དག་ཏུ་ཁྱབ་སྤེལ་བྱས་པའམ་ཡང་ན་གོང་གསལ་སྐོར་དེ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་ཀྱང་། བསམ་བཞིན་དུ་ཆ་འཕྲིན་དྲ་རྒྱའམ་སྨྱན་སྦྱོར་གཞན་དག་གི་ཐོག་ཏུ་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུག་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་དང་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་དགོས། ངན་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་གྱ་དྲུག་པའི་གཏན་འབེབས་ལྟར་ན། དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་གཏན་འབེབས་བྱས་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་མི་བསྒྲུབ་པ་དང་། ཁྲིམས་འགལ་གྱི་ཆ་འཕྲིན་འབོར་ཆེན་ཁྱབ་སྤེལ་བྱས་པའི་རིགས་ལ། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་བཅུག་ཀྱང་ཡོ་བསྲང་མི་བྱེད་པ་ལ་དུས་བཙོན་ལོ་གསུམ་མན་དང་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་གཅོད་དགོས་པའམ་ཡང་ན་དངུལ་ཆད་གཅིག་པུ་གཅོད་དགོས།

འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགན་ཡོད་མི་སྣས་འགན་མ་བསྒྲུབས་ན་མི་ཆོག་པ་དང་གང་བྱུང་དུ་བསྒྲུབས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཁྲོད་དུ་རྩ་འཛུགས་དང་མཐུན་སྦྱོར། བཀོད་འདོམས། གནོད་འཚེ་བརྟག་དཔྱད། ཚོད་འཛིན། སྨན་བཅོས་སྲོག་སྐྱོབ། ཆ་འཕྲིན་བརྒྱུད་སྤྲོད། འགྲིམ་འགྲུལ་སྐྱེལ་འདྲེན། དངོས་རྫས་འགན་སྲུང་སོགས་ཀྱི་འགན་འཁྲི་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའམ་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་ནས་སྤྱི་པའི་རྒྱུ་ནོར་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་གོ་བདུན་པའི་གཏན་འབེབས་གཞིར་བཟུང་ནས་འགན་དབང་གང་བྱུང་དུ་སྤྱད་པའི་ནག་ཉེས་སམ་ཡང་ན་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་འགན་འཁྲི་ནན་པོ་གཏན་ནས་མི་འཁུར་བ་དང་།  འགོག་བཅོས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་མ་བྱས་པའམ་ལག་བསྟར་ནན་མོ་མ་བྱས་པར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཆེད་པའི་གནས་ཚུལ་ཚབས་ཆེན་བཟོས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་བཞི་བརྒྱ་དང་དགུ་བའི་གཏན་འབེབས་ལ་གཞིགས་ནས་འགོས་ནད་འགོག་བཅོས་ཀྱི་འགན་འཛོལ་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།

 ཁྲིམས་སྲོལ་སྦྲེལ་མཐུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་སུམ་བརྒྱ་གོ་བདུན་པའི་གཏན་འབེབས་ལྟར་ན། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའམ་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་ནས་སྤྱི་པའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས། ཉེས་ཚབས་ལྷག་པར་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བཞི་བརྒྱ་དང་དགུ་བའི་གཏན་འབེབས་ལྟར་ན། འགོས་ནད་འགོག་བཅོས་བྱེད་པའི་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་འགན་རྩ་བ་ནས་མ་ཁུར་བའི་དབང་གིས་འགོས་ནད་མཆེད་པའི་གནས་ཚུལ་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས།

སྒེར་ངོས་ནས་ལམ་བཀག་སྟེ་འགྲོ་ལམ་ལ་གཏོར་བརླག་བྱས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ་ལྕགས་ལམ་དང་ཟམ་པ། ཕུག་ལམ། གཞུང་ལམ། གནམ་གྲུ་ཐང་། གྲུ་ལམ། སྒྲོན་སྟེགས། མཚོན་རྟགས་བཅས་ལ་གཏོར་བརླག་བྱས་པའམ་ཡང་ན་གཏོར་བརླག་གི་བྱ་བ་གཞན་དག་སྤེལ་ནས་མེ་འཁོར་དང་རླངས་འཁོར། གློག་འཁོར། གྲུ་གཟིངས། མཁའ་འགྲུལ་ཡོ་བྱད་བཅས་མགོ་རྟིང་ལོག་ཉེན་དང་གཏོར་བརླག་འགྲོ་ཉེན་དུ་བཏང་བའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བདུན་པ་དང་དོན་ཚན་བརྒྱ་དང་བཅུ་དགུ་བའི་དུམ་ཚན་དང་བོའི་གཏན་འབེབས་གཞིར་བཟུང་ནས། འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་བྱས་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། འགོས་ནད་མཆེད་པར་སྔོན་འགོག་བྱ་ཆེད་ཆོག་མཆན་མ་ཐོབ་པར་རང་དགར་གྱིས་ལམ་བཀག་ནས་འགྲིམ་འགྲུལ་ལ་བཀག་འགོག་བྱས་ཀྱང་ངན་འབྲས་ཚབས་ཆེན་མ་བཟོས་ན། སྤྱིར་བཏང་དུ་ནག་ཉེས་སུ་མི་བརྩི་ལ། གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱ་དགོས།

ཁྲིམས་སྲོལ་སྦྲེལ་མཐུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་བཅུ་བདུན་པའི་གཏན་འབེབས་ལྟར་ན། ལྕགས་ལམ་དང་ཟམ་པ། ཕུག་ལམ། གཞུང་ལམ། གནམ་གྲུ་ཐང་། གྲུ་ལམ། སྒྲོན་སྟེགས། མཚོན་རྟགས་བཅས་ལ་གཏོར་བརླག་བྱས་པའམ་ཡང་ན་གཏོར་བཤིག་གི་བྱ་བ་གཞན་དག་སྤེལ་ནས་མེ་འཁོར་དང་རླངས་འཁོར། གློག་འཁོར། གྲུ་གཟིངས། མཁའ་འགྲུལ་ཡོ་བྱད་བཅས་མགོ་རྟིང་ལོག་ཉེན་དང་གཏོར་བརླག་འགྲོ་ཉེན་དུ་བཏང་ཡང་ངན་འབྲས་ཚབས་ཆེན་མ་བཟོས་ན། དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་གྱི་ཉེས་ཆད་གཅོད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་བརྒྱ་དང་བཅུ་དགུ་བའི་གཏན་འབེབས་ལྟར་ན། འགྲིམ་འགྲུལ་ཡོ་བྱད་དང་འགྲིམ་འགྲུལ་སྒྲིག་ཆས། གློག་ཤུགས་སྒྲིག་ཆས། རླངས་འབར་སྒྲིག་ཆས། འབར་གས་སླ་བའི་སྒྲིག་ཆས་བཅས་ལ་གཏོར་བརླག་བྱས་ནས་ངན་འབྲས་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཙོན་ལོ་བཅུའི་ཡན་དང་ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་དགོས།

རི་སྐྱེས་སྲོག་ཆགས་རྩ་ཆེན་ཡིན་པ་ཤེས་བཞིན་དུ་ཉོས་ནས་ཟོས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར།  རྒྱལ་ཁབ་ཀྱིས་སྲུང་སྐྱོང་གལ་ཆེན་བྱེད་པའི་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དག་ཁྲིམས་འགལ་ངང་རྔོན་འཛིན་གསོད་གསུམ་བྱེད་པ་དང་། ཡང་ན་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གལ་ཆེན་བྱེད་པའི་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བྱས་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པའི་དུམ་ཚན་དང་པོ་གཞིར་བཟུང་ནས། ཁྲིམས་འགལ་ངང་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་རྔོན་འཛིན་གསོད་གསུམ་གྱི་ནག་ཉེས་སམ་ཡང་ན་ཁྲིམས་འགལ་ངང་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་གི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གལ་ཆེན་བྱེད་པའི་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཡིན་པ་ཤེས་པའམ་ཤེས་འོས་བཞིན་དུ་དེ་ཟ་བའམ་ཡང་ན་དམིགས་ཡུལ་གཞན་པའི་ཆེད་དུ་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་པ་དག་ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པའི་དུམ་ཚན་དང་བོའི་གཏན་འབེབས་དང་མཐུན་བའི་རིགས་ལ། ཁྲིམས་འགལ་ངང་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་སྒྲུབ་ཀྱི་ནག་ཉེས་ལྟར་ཉེས་ཆད་གཅོད་དགོས།

ཁྲིམས་སྲོལ་སྦྲེལ་མཐུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པའི་གཏན་འབེབས་ལྟར་ན། རྒྱལ་ཁབ་ཀྱིས་སྲུང་སྐྱོང་གལ་ཆེན་བྱེད་པའི་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་འཛིན་གསོད་གསུམ་བྱས་པ་དང་། ཡང་ན་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གལ་ཆེན་བྱེད་པའི་རི་དྭགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བྱས་པའི་རིགས་ལ་དུས་བཙོན་ལོ་ལྔའི་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་ཀྱང་གཅོད་དགོས། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་ལྔའི་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་ཀྱང་གཅོད་དགོས། ཉེས་ཚབས་ལྷག་པར་ཆེ་བའི་རིགས་ལ་དུས་བཙོན་ལོ་བཅུའི་ཡན་གྱི་ཉེས་ཆད་གཅོད་དགོས་པར་མ་ཟད་དངུལ་ཆད་གཅོད་དགོས་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།

ཉེས་ཚད་ལོན་མེད་ཀྱང་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་གནོད་འཚེ་བཟོས་མི་ཆོག

བསམ་འཆརགྱི་གཏན་འབེབས་ལྟར། གོང་གསལ)གཅིག(ནས)དགུའི(བར་གཏན་འབེབས་བྱས་པའི་བྱ་སྤྱོད་སྤེལ་ནས་ཉེས་ཚད་ལོན་མེད་པའི་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་དངོས་རྫུན་བཟོས་པའི་སྤྱི་པའི་སྒྲིག་ལམ་དཀྲུགས་པ་དང་། སྡེ་ཚན་གྱི་སྒྲིག་ལམ་དང་མི་ཚོགས་འདུ་སའི་སྒྲིག་ལམ་དཀྲུགས་པ། བསྙད་རྐོ་ཟིང་སློང་། གནས་ཚུལ་ཛ་དྲག་འོག་གི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་མི་བྱེད་པ། འགན་འཁྲི་བསྒྲུབ་པར་བཀག་འགོག་བྱས་པ།  ཉེན་ཟོན་ས་ཁུལ་དུ་བརྒལ་བ། མི་གཞན་ལ་ཉེས་རྡུང་དང་། བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་དང་བརྙས་བཅོས་བྱས་པ། ཁ་བསླུས་བརྒྱབ་པ། ལྕགས་ལམ་རྒྱུད་དུ་ཁྲིམས་འགལ་གྱིས་དོང་འདྲུས་པ་དང་། རྡོ་དང་བྱེ་མ་བླངས་པ། ལམ་ངོས་ཀྱི་སྤྱི་པའི་སྒྲིག་བཀོད་རྐུ་འཁྱེར་དང་གཏོར་བརླག་བྱས་པ། ལྕགས་ལམ་སྒྲིག་བཀོད་དང་སྒྲིག་ཆས་གཏོར་བརླག་བྱས་པ། བསམ་བཞིན་དུ་རྒྱུ་ནོར་གཏོར་བརླག་བྱས་པ་དང་གཞུང་སྒེར་གྱི་རྒྱུ་ནོར་ཧམ་འཕྲོག་བྱས་པ་བཅས་ཀྱི་གཏན་འབེབས་གཞིར་བཟུང་ནས། བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས་པའམ་ཡང་ན་འབྲེལ་ཡོད་སྡེ་ཁག་གིས་སྲིད་འཛིན་ཆད་པ་གཞན་དག་གཅོད་དགོས།

ཁྲིམས་སྲོལ་སྦྲེལ་མཐུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམསཀྱི་དོན་ཚན་གཉིས་པའི་གཏན་འབེབས་ལྟར་ན། སྤྱི་པའི་སྒྲིག་ལམ་དཀྲུགས་པ་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བ། མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བ།  སྤྱི་ཚོགས་དོ་དམ་ལ་གནོད་རྐྱེན་བཟོས་པ། སྤྱི་ཚོགས་ལ་གནོད་པའི་རང་བཞིན་ལྡན་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་གཏན་འབེབས་ལྟར་ཉེས་ཚད་ལོན་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས་པ་དང་།  ཉེས་ཁྲིམས་གཅོད་ཚད་མ་ལོངས་པའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་འདི་གཞིར་བཟུང་ནས་བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་དགོས།

责任编辑:俄尖泽仁

扫一扫在手机打开当前页