当前位置: 首页 / 藏学研究室 / 论文精选

༄༅།།གྲོ་ཚང་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

发布时间:2020-03-23
字体:
访问量:
来源:州编译局
分享到:

༄༅།།གྲོ་ཚང་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

གངས་ལྗོངས་མདོ་སྨད་མཛོད་དགེའི་ཨ་སྐྱིད་རོང་འབྲོག་སྤྱིའི་དབུ་བླ།  རྒྱལ་དབང་བདུན་པའི་ཡོངས་འཛིན། དགའ་ལྡན་ཤར་རྩེའི་མཁན་ཆེན་གྲོ་པཎྜི་ཏ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་གྲོ་ཚང་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ནི་གྲོ་པཎྜི་ཏའི་སྐུ་ཕྲེང་དང་བོ་གྲོ་ཀུན་བཟང་ཉི་མས་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག༼༡༦༥༢༽ ལོར་ཕྱག་བཏབ་པ་ནས་བཟུང་ད་ལྟའི་བར་ལོ་སུམ་བརྒྱ་དང་ལྔ་བཅུར་ཉེ་བའི་ལོ་རྒྱུས་ཡོད།

དང་བོ། གྲོ་ཚང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།

དང་བོ། གྲོ་ཚང་སྐུ་ཕྲེང་དང་བོ། གྲོ་ཀུན་བཟང་ཉི་མ་༼?一༡༧༠༠༽ནི། སྤྱིར་ཀརྨ་ཧེ་བླ་མ་སངས་རྒྱས་བཀྲ་ཤིས་ལྷོ་བྲག་གྲོ་བོ་ལུང་དུ་འཁྲུངས་པ། ལྷ་དང་བླ་མའི་ལུང་བསྟན་བཞིན་མདོ་སྨད་ཙོང་ཁའི་ཡུལ་དུ་ཕེབས་ནས་རིམ་བཞིན་ཁོང་གི་སྐུ་མཆེད་རྣམས་དང་བཅས་དགོན་ལུང་བྲག་ཕྱོགས་སུ་དཔོན་གཡོག་རྣམས་གཞི་ཆགས།   གྲོ་ལུང་བ་ཡིན་པས་གྲོ་ཚང་། དེ་དག་གི་མི་རྒྱུད་ཡུལ་འཕོས་ཏེ་འདི་ཕྱོགས་སུ་གཞི་ཆགས་པ་ལ་གྲོ་ཚང་ཞེས་གྲགས་ཤིང་། མཛོད་དགེའི་ཨ་སྐྱིད་ཀྱི་ཡུལ་འདིར་དབང་བསྒྱུར་བའི་དཔོན་མཛོད་དགེའི་ཨ་མྱེ་ལྷ་འབུམ་ཞེས་ཚེ་དཔག་མེད་ཀྱི་གསེར་ཐང་སྐུ་འབུམ་བཞེངས་པར་གྲགས་པ་དེ་ཉིད་གྲོ་ཀུན་བཟང་ཉི་མ་དང་དུས་མཉམ་པར་བཤད་ཅིང་། གྲོ་བླ་རབས་བཅོ་བརྒྱད།  དཔོན་མཛོད་དགེའི་དཔོན་རབས་བཅོ་བརྒྱད། ཅེས་གྲགས། ཐོག་མར་ངག་རྒྱུན་ལ་ཐེ་རོང་མར་ཁུའི་ཐེམ་པ་ཞེས་པར་བཞུགས།  དེ་ནས་སྟག་རའི་གཙང་ས་ཞེས་པར་སློབ་དཔོན་པདྨའི་སྒྲུབ་ཕུག་ཏུ་གྲགས་པའི་གནས་དང་འདབས་འབྲེལ་བར་བཞུགས་ནས་སྒྲུབ་པ་ཉམས་ལེན་བྱས།  དེའི་རྗེས་སྟག་རའི་གནམ་འགག་ནས་རི་ཁྲོད་རྒྱབ་སྟེ་རྒྱལ་བ་འབྲོམ་སྟོན་པའི་སྐུ་བརྙན་བཞེངས་པའི་ལྷ་ཁང་སོགས་ཉེ་དུས་བར་ཡོད།  དེ་ནས་ཨ་སྐྱིད་རོང་ཡག་གསུམ་དུ་གྲོ་ཚང་དགོན་ཐོག་མར་༼༡༦༥༢༽ཕྱག་བཏབ་སྟེ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོའི་༼༡༧༠༠༽ བར་དུ་བསྐྱངས། 

གཉིས་པ། གྲོ་ཚང་སྐུ་ཕྲེང་གཉིས་པའི་རྣམ་ཐར།  གྲོ་ཚང་སྐུ་ཕྲེང་གཉིས་པ། གྲོ་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་༼༡༧༠༢༡༧༧༠༽ནི། འཁྲུངས་ས་མཛོད་དགེ་གྲོ་ཚང་ཡིན་ཞིང་། ལྷ་དང་བླ་མའི་ལུང་བསྟན་མང་བོ་མཐུན་པར་གྲོ་ཚང་སྐུ་གོང་མའི་སྤྲུལ་སྐུར་ཐག་བཅད།  སྐུ་ཚེའི་སྟོད་ལ་མདོ་དབུས་ཀྱི་གྲྭ་ས་ཁག་ཏུ་ཕེབས་ཏེ་ཐོས་བསམ་སློབ་གཉེར་བྱས་ནས་མཁས་པའི་གོ་འཕང་བརྙེས།  སྐུ་ཚེའི་སྨད་ལ་གདན་ས་འདི་དང་སྐུ་འབུམ་བྱམས་པ་གླིང་གི་སྨན་པ་གྲྭ་ཚང་གི་དཔོན་སློབ་ཀྱི་ཁྲི་རབས་དང་བོའི་འགན་གཉིས་ཀ་གཅིག་ལྕོགས་གཉིས་འཛིན་བྱས།  གྲོ་ཚང་དགོན་པའི་བཅའ་ཡིག་ཆེན་མོ་ལས།  ཤར་རྩེའི་མཁན་ཆེན་བསྟན་པའི་རྒྱལ་མཚན་ཆེ་ཞེས་གསུངས་པ་ལྟར་དགའ་ལྡན་ཤར་རྩེའི་མཁན་ཆེན་དུ་བཞུགས་ཤིང་དགེ་ལྡན་བསྟན་པའི་གསལ་བྱེད་དམ་པར་གྱུར། རྒྱལ་དབང་བདུན་པའི་ཡོངས་འཛིན་དང་།  རྒྱ་ནག་གོང་མའི་དབུ་བླར་བཞུགས་པའི་ངག་སྒྲོས་ཀྱང་ཡོད།  སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་གྱི་ཤོག་གྲངས་༼༢༧༦༽ དང་༼༢༧༧༽ན་འཁོར་ལོ་གསུམ་གྱིས་བསྟན་པ་ལ་མཛད་པ་རྒྱ་ཆེན་གནང་བའི་ཚུལ་ཤིན་ཏུ་གསལ་བས་ཤེས་པར་འདོད་པ་དག་གིས་དེར་གཟིགས་པར་འཚལ།  

གསུམ་པ།  གྲོ་ཚང་སྐུ་ཕྲེང་གསུམ་པའི་རྣམ་ཐར། གྲོ་ཚང་སྐུ་ཕྲེང་གསུམ་པ། རྗེ་ངག་དབང་འཕྲིན་ལས་ལྷུན་འགྲུབ་༼༡༧༨༡༡༨༤༦༽ནི།   འཁྲུངས་ཡུལ་གྲོ་བཀྲ་ཤིས་ཐང་ཡིན་ཞིང་།  ཤིང་བཟའ་དཔོན་སློབ་བློ་བཟང་བྱམས་པ་བླ་མས་གཙོ་བོར་བསྟེན།  ཁོང་གིས་བཀས་རྭ་རྒྱ་དགོན་པའི་སྨན་པའི་ཁྲི་བ་མཛད།  བཀྲ་ཤིས་འཁྱིལ་ལ་ལན་དུ་མར་བྱོན།  ཀུན་གཟིགས་མཆོག  གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་སྔ་ཕྱི།  ཡབ་རྗེ་དྷྭ་ཛའི་མཚན་ཅན་རྣམས་ལ་གཏུགས་ནས་བཀའ་ཆོས་མང་དུ་གསན།   ལྷག་ཏུ་སྡེ་ཁྲི་རིན་པོ་ཆེར་རྡོར་ཕྲེང་།  དུས་འཁོར། རྡོར་དབྱངས་རྣམས་ཀྱི་དབང་ཆེད་གཉེར་གྱིས་ཞུས།   གདན་སར་འདུ་ཁང་དང་གཟིམས་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་བསྐྲུན།   གཞི་བྱེས་རྣམས་སུ་རྡོ་རྗེ་ཕྲེང་བ།  སྣར་ཐང་བརྒྱ་རྩ་སོགས་དབང་རྗེས་གནང་གི་རྒྱུན་མང་དུ་སྤེལ། པཎ་ཆེན་བསྟན་པའི་ཉི་མར་ཚེ་རབས་རྗེས་འཛིན་གྱི་སྐྱབས་འཇུག་ཞུས་པར།   ཀླ་ཀློ་འཇོམས་པའི་དམག་དཔོན་ལྷ་ཆེན་ཤ་ར་བྷར་འགྱུར་བར་ལུང་བསྟན།  རྒྱུད་གྲྭ་བཙུགས་པས་སྨད་རྒྱུད་ཀྱི་ཕྱག་ལེན་ངོས་གཙང་གསང་ཆེན་བསྟན་པའི་མཛེས་རྒྱན་དུ་གྱུར་པ་བྱུང་།  

བཞི་བ། གྲོ་ཚང་སྐུ་ཕྲེང་བཞི་བའི་རྣམ་ཐར།  གྲོ་ཚང་སྐུ་ཕྲེང་བཞི་བ།  ངག་དབང་བློ་བཟང་རྒྱ་མཚོ་༼༡༨༤༩༡༨༩༩༽ནི།  འཁྲུངས་ཡུལ་རྨ་ཆུ་དངུལ་རྭ་ནས་ཡིན་ཞིང་།  དགུང་ལོ་ལྔ་བ་ཆུ་གླང་ལ་སྐྱབས་མགོན་མཆོག་གིས་ཐུགས་ཐག་བཅད་དེ་གདན་སར་བཀོད།  ཆུང་དུས་ནས་དམ་པའི་བག་ཆགས་ཆེ།  སྐུ་ཚེའི་སྟོད་ལ་དགའ་ལྡན་ཤར་རྩེའི་གྲྭ་སར་ཞུགས་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་དམ་པར་གྱུར། སྐུ་ཚེའི་སྨད་ལ་གདན་ས་བསྐྱངས་ནས་བཞུགས།  

ལྔ་བ།  གྲོ་ཚང་སྐུ་ཕྲེང་ལྔ་བའི་རྣམ་ཐར།  གྲོ་ཚང་སྐུ་ཕྲེང་ལྔ་བ།   ངག་དབང་དགེ་ལེགས་ཆོས་ཀྱི་རྒྱལ་མཚན་༼ ༡༩༠༡༡༩༦༩༽ནི།    བོད་ཆོལ་ཁ་གསུམ་གྱི་ནང་ཚན། དབུས་གཙང་ཆོས་ཀྱི་ཆོལ་ཁར་གྲགས་པའི་ལྟེ་བ་ལྟ་བུ་ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་གོང་དཀར་རྫོང་ནས་དབལ་ཤུལ་གྱི་རིགས་ལས་ཡབ་ཚེ་རིང་བཀྲ་ཤིས་དང་ཡུམ་འཇམ་དབྱངས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་མཛེས་བྱེད་ཅེས་པ་ཆུ་ཡོས་༼༡༩༠༣༽ ལོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཚན་དཔེའི་མེ་ཏོག་གསར་དུ་བཞད།  དགུང་ལོ་གསུམ་པ་མེ་རྟ་༼༡༩༠༦༽ལོར། ༧ རྒྱལ་དབང་བཅུ་གསུམ་པ་ཆེན་པོ་༧ རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོས་གྲོ་ཚང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད།    དགུང་ལོ་ལྔ་བ་ས་སྤྲེལ་༼༡༩༠༨༽ལོ་རྗེ་ཐམས་ཅད་མཁྱེན་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ།    བསྟན་པའི་གསལ་བྱེད་དམ་པ་ཐེ་བོ་སྤྲུལ་བའི་སྐུ་རིན་པོ་ཆེ་༧ བློ་བཟང་མཁྱེན་རབ་ཡེ་ཤེས་བསྟན་པའི་རྒྱལ་མཚན་ལས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ཏུ་གནང་སྟེ།   མཁན་པོའི་མཚན་ཟུར་དང་བཅས་ངག་དབང་དགེ་ལེགས་ཆོས་ཀྱི་རྒྱལ་མཚན་ཞེས་མཚན་གྱིས་མངོན་པར་བསྟོད་ནས།   ཤར་རྩེའི་གྲྭ་ཚང་དུ་ཚོགས་བཞུགས་མཛད།   དགུང་ལོ་བརྒྱད་པ་ལྕགས་ཁྱི་༼༡༩༡༠༽ ལོ།  ཨ་སྐྱིད་རོང་འབྲོག་དང་།  གྲོ་ཚང་དགོན་སོགས་ཐུན་མོང་ནས་ཨ་མདོར་གདན་དྲངས་ཏེ་གྲོ་ཚང་པཎྜི་ཏ་སྐུ་ཕྲེང་གི་གདན་ས་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་སོར་བཀོད་ནས་ཁྲི་སྟོན་མཛད་སྒོ་སོགས་སྔར་སྲོལ་ལས་བླ་ལྷག་ཏུ་བསྟར།     མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་དང་།  ལུགས་གཉིས་ཀྱི་འཕྲིན་ལས་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་པའི་རྟེན་འབྲེལ་གྱི་ཐོག་མར་ཤར།    དགུང་ལོ་ཉེར་བཞི་མེ་སྟག་༼༡༩༢༦༽ལོ་སླར་ཡང་དབུས་གཙང་དུ་ཕེབས་ཏེ།   ཇོ་ཤཱཀ་རྣམ་གསུམ་སོགས་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་པ་དང་།  གདན་ས་གསུམ་གྱི་གཙོས་དགེ་འདུན་གྱི་སྡེ་རྣམས་ལ་བསྙེན་བཀུར་གྱིས་ཚིམ་པར་མཛད་ཅིང་།   དགའ་ལྡན་ཐེ་བོ་སྤྲུལ་བའི་སྐུ་རིན་པོ་ཆེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་སྤོང་བདུན་ནོར་བུའི་མཛོད་ཀྱིས་ཐུགས་གསང་གཏམས།   སྔ་ཕྱིར་ཤིང་བཟའ་བླ་ཁོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་།   ཐེ་བོ་སྤྲུལ་བའི་སྐུ་རིན་པོ་ཆེ།  འབོས་བཀའ་ཆེན།  ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ།   སྣང་མཐའི་རང་གཟུགས་པཎ་ཆེན་ཆོས་ཀྱི་ཉི་མ།     ཨ་ལགས་ཡོངས་འཛིན་རིན་པོ་ཆེ་སོགས་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་ཞིང་།    མངོན་པར་ཤེས་པ་དང་གྲུབ་པའི་མཚན་མ་ངོ་མཚར་བ་དུ་མ་ཀུན་གྱི་མཐུན་སྣང་དུ་གྱུར།     རབ་རྒྱལ་ཤིང་ཕག༼༡༩༣༥༽ལོ་ནས་བཟུང་དགོས་དབང་གིས་ཁྲིན་ཏུའུ།   ཟི་ལིང་།  མན་ཇུ།   པེ་ཅིང་རྣམས་སུ་ཕེབས་ནས།   ཧྥོ་ཀྲོང་ལན་དང་།  ལེས་ཞང་།   ཧོ་ཀེ་ཀང་།   མཱ་པོས་ཧྥང་།   ལེས་ཀྲུང་སོགས་དང་མཇལ་འཛོམས་སྒོས་འབྲེལ་བ་བྱས་ཤིང་།   ཞས་ཝེ་ཀྲང་དང་།  པཱོ་ཨན་ཟི་ལིན་ཞེས་སོགས་ཀྱི་ཆོ་ལོ་བྱིན།   བཅིངས་གྲོལ་བྱས་རྗེས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་།  རྔ་བ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ།   རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན།   ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཀྱི་འགན་བཞེས་གནང་།    མཐར་དགུང་ལོ་རེ་དྲུག་པ་ས་བྱ་༼༡༩༦༩༽ ལོ་ཟླ༢ཚེས༣ལ་སོག་ཚང་སྤྲུལ་སྐུ་སྦྱིན་པ་རྒྱ་མཚོ་དང་།   མཛོད་པ་ཀླུ་འབུམ་གཉིས་ལ་འབྱུང་འགྱུར་གྱི་ཞལ་བཀོད་ཞིབ་གསལ་གནང་སྟེ་ཞི་བར་གཤེགས།  

དྲུག་པ།   གྲོ་ཚང་སྐུ་ཕྲེང་དྲུག་པའི་རྣམ་ཐར།     གྲོ་ཚང་སྐུ་ཕྲེང་དྲུག་པ།   ༸ རྗེ་འཇམ་དབྱངས་དགེ་ལེགས་ཡོན་ཏན་རྒྱ་མཚོ༼༡༩༧༡༡༢༢༠ ༽ནི།     ཡུལ་མདོ་སྨད་མཛོད་དགེ་ཨ་སྐྱིད་ཕྱུགས་ར་ནས་ཡབ་རིག་འཛིན་དང་།   ཡུམ་རིག་བྱེད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག༼༡༩༧༡༽ལོ་ལ་འཁྲུངས།      དགུང་ལོ་བརྒྱད་ནས་ཨ་སྐྱིད་ཕྱུགས་རའི་སློབ་ཆུང་དུ་སློབ་སྦྱོང་བྱས།     སྤྱི་ལོ་༡༩༨༥ ལོ་གྲོ་བློ་གོ་ཚང་ངག་དབང་བློ་བཟང་བསྟན་པ་རབ་རྒྱས་མཆོག་གི་ཐུགས་བཞེད་ལྟར་གྲོ་ཚང་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་ཆོས་གྲྭར་བཞུགས།   མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོའི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས།    ཡོན་ཏན་རྒྱ་མཚོ་ཞེས་པའི་མཚན་གསོལ།    དབང་བཀའ་ཆོས་མང་བོ་གསན།  གདན་ས་རང་ནས་འདུལ་འཛིན་པ་ངག་དབང་དར་རྒྱས་ཚང་དགེ་རྒན་དུ་བསྟེན་ནས་དང་བོ་སྐྱབས་འགྲོ་ནས་བཟུང་ཆོས་སྤྱོད་དང་ཆོ་ག   འདོན་ཐིག་གར་གསུམ་སོགས་ཕྱག་ལེན་གང་ཡོད་རྣམས་ལེགས་པར་སྦྱངས།    སྤྱི་ལོ་༡༩༨༩ ལོ་ཨ་སྐྱིད་བཀྲ་ཤིས་ཐང་ནས་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ལས་དུས་འཁོར་དབང་ཆེན་སོགས་ཀྱི་དབང་དང་བཀའ་ལུང་རྩ་ཆེན་ཐོབ།  ༡༩༩༠ལོར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་རྔ་བ་ཁུལ་དུ་རྒྱལ་ནང་གི་ཐོག་དང་པོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཚོད་ལྟ་ལས་དོན་སྤེལ་ནས།   མདོ་སྨད་སྐྱབས་མགོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཚང་དང་གུང་ཐང་ཚང་རྣམ་གཉིས་ཀྱིས་གྲོ་ཚང་སྐུ་གོང་མའི་ཡང་སྤྲུལ་ཏུ་ཐུགས་ཐག་བཅད།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧ རྗེ་འཇམ་རྒྱ་མཚོ་ཚང་བཤེས་གཉེན་དུ་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ཏེ་ལོ་དུ་མར་ཐོས་བསམ་སློབ་གཉེར་བྱས།    ཁོང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་མཚན་ལ་འཇམ་དབྱངས་དགེ་ལེགས་ཡོན་ཏན་རྒྱ་མཚོ་ཞེས་གསོལ།   རྗེས་སུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་ཨ་ལག་ཤར་གདོང་ཚང་དང་།   བསེ་ཚང་།   ཤིང་བཟའ་ཚང་སོགས་དགེ་རྒན་དུ་བསྟེན་ནས་སློབ་གཉེར་མཐར་ཕྱིན་པར་བྱས།  སློབ་མཐར་ཕྱིན་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཡོངས་འཛིན་རིན་པོ་ཆེ་༧ རྗེ་འཇམ་དབྱངས་རྒྱ་མཚོ་ཚང་གི་མདུན་ནས་དཔེ་ཁྲིད་དང་དབང་བཀའ་ཆོས་མང་བོ་གསན།   ཀུན་མཁྱེན་རིན་པོ་ཆེ་རྨ་ཆུ་རྫོང་གི་དགོན་པ་བཅུ་གསུམ་དང་ཡུལ་ཚོ་བརྒྱད་ལ་ཕེབས་བཞུགས་གནང་སྐབས་དྲུང་ཡིག་གི་འགན་བཞེས་ནས་ཞབས་ཞུ་གང་ལེགས་ཕུལ།       རང་དགོན་དུ་ཕྱིར་ཕེབས་ཏེ་ལྕང་སྡོང་ཕྱུགས་རས་གདན་དྲངས་ཏེ་སྔ་ཕྱིར་དད་ལྡན་སྟོང་ཕྲག་ཁ་ཤས་ལ་གདུགས་དཀར་བྱད་གྲོལ་གྱི་དབང་དང་ཚེ་དབང་བསྐུར།  གྲོ་ཚང་ཡུལ་ཚོས་ཞུས་པ་ལྟར་ཨ་སྐྱིད་རོང་འབྲོག་དང་བྱང་རྩེ་གོང་འོག  སྟག་ར་གོང་འོག་སོགས་དད་ལྡན་ཁྲི་ཕྲག་ལྷག་ལ་སྔ་ཕྱིར་གདུགས་དཀར་གྱི་དབང་དང་ཐུགས་རྗེ་ཆེན་པོའི་དབང་།  ཚེ་དབང་བཅས་ལེགས་པར་གནང་།  གཞན་ཨ་སྐྱིད་འབྲོག་སྟོད་པ་དང་གཡའ་རྐྱང་། གྲོ་སྐོར་གསུམ་གྱིས་ཆེད་གཉེར་གྱིས་ཡང་ཡང་ཞུས་པ་ལྟར་ཐག་ཉེ་རིང་གི་དད་ལྡན་ཁྲི་ཕྲག་ལྷག་ལ་སྔ་ཕྱིར་གདུགས་དཀར་བྱད་གྲོལ་གྱི་དབང་དང་ཐུགས་རྗེ་ཆེན་པོའི་དབང་།  ཚེ་དབང་བཅས་ཆོས་སྦྱིན་གང་མང་བསྩལ།    དགུ་བརྒྱ་དགོན་གྲོང་དང་རྨ་ཁུག་རྟ་ར་སོགས་སུ་ཐེངས་དུ་མར་ཕེབས་ཏེ་ཚེ་དབང་དང་བཀའ་སློབ་ཟབ་རྒྱས་ཡང་ཡང་གནང་ནས་ཐམས་ཅད་ཞི་བདེའི་དཔལ་ལ་བཀོད།   གཞན་སློབ་གྲྭ་ཆེ་ཆུང་དང་ཁྱིམ་ཚང་དབུལ་བོ།  ནད་པ་ཉམ་ཐག་སོགས་ལ་རོགས་དངུལ་དང་ཟས་གོས་སོགས་ཀྱིས་སྦྱིན་པ་རྒྱ་ཆེན་བཏང་།    དགོས་སུ་མཛོད་དགེ་ཤོག་བཅུ་གཉིས་ཀྱི་མང་ཚོགས་རྣམས་ལ་ཐུགས་བརྩེ་བས་དགོངས་པ་སྟེ་དུས་ཀྱི་གནས་བབ་ལ་གཟིགས་ཏེ་མཛོད་དགེ་ཤོག་བཅུ་གཉིས་ཀྱི་ནང་ཁུལ་ལ་སྐུ་བཅད་ནས་མིག་མཐོང་ལག་ཟིན་གྱིས་ཐམས་ཅད་ཞི་བདེ་ལ་དངོས་སུ་བཀོད་ནས་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་རང་བཞིན་ཀྱིས་དད་པའི་ཐལ་མོ་སྙིང་གར་སྦྱར། སྨོན་ལམ་བཀའ་ཆོས་དང་གོ་སྐབས་ནམ་ཡོད་ལ་དད་ལྡན་མང་ཚོགས་ལ་ཆོས་དང་རིག་གནས་ཀྱི་བཀའ་སློབ་ཟབ་རྒྱས་ཡང་ཡང་གནང་བས་མང་ཚོགས་གྱི་གོ་རྟོགས་རིམ་གྱིས་སད་ནས་སྡིག་སྤོང་དགེ་སྒྲུབ་དང་རིག་གནས་སློབ་གསོ་ལ་བརྩོན་པའི་ཁ་ཕྱོགས་བརྟན་པོ་རྙེད།   གྲོ་པཎྜི་ཏའི་ཐུགས་སྲས་ཕྱག་འཚལ་སྤྲུལ་བའི་སྐུ་རིན་པོ་ཆེས་ཀྱང་སྨོན་ལམ་བཀའ་ཆོས་སྐབས་སུ་བཀའ་སློབ་ཟབ་རྒྱས་གནང་ནས་ཀུན་ལ་ཕན་པ་རྒྱ་ཆེར་ཐོབ།  མདོར་ན་གྲོ་པཎྜི་ཏ་ཁོང་གིས་རང་ལ་ཐོབ་པའི་ཕྱག་རྫས་ཐམས་ཅད་ཆོས་དང་རིག་གནས་དར་སྤེལ་གྱི་ཕྱོགས་སུ་བཏང་བ་དང་།  རྟེན་གསུམ་བཞེངས་པ།   སྐྱ་སེར་སློབ་གཉེར་བ་ཆ་རྐྱེན་ཞན་པ་རྣམས་ལ་མཐུན་རྐྱེན་གྲངས་མེད་སྦྱར་བ་སོགས་ངེས་པ་དོན་གྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བདག་གིར་བཞེས།   ད་ལྟ་ཁོང་གིས།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བསླབ་གནས་མཛུམ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།   སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།    སི་ཁྲོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ།   སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།   དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ།  སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།  སི་ཁྲོན་ཞིང་ཆེན་གྲོ་ཚང་དགོན་གྱི་དགོན་བདག   ཀན་སུའུ་ཞིང་ཆེན་དགུ་བརྒྱ་དགོན་གྱི་དགོན་བདག   སི་ཁྲོན་ཞིང་ཆེན་མཛོད་དགེའི་ཨ་སྐྱིད་ལྟེ་བའི་སློབ་ཆུང་གི་མཚན་འཛིན་སློབ་དཔོན་བཅས་ཀྱི་འགན་བཞེས་བཞིན་བསྟན་འགྲོའི་དོན་རྒྱ་ཆེར་སྒྲུབ་པའི་སྐབས་ལགས་སོ།།   

གཉིས་པ།   གཙུག་ལག་ཁང་དང་རྟེན་གསུམ་གྱི་སྐོར་མདོ་ཙམ་བརྗོད་པ།   ཨ་ལག་བློ་གོ་ཚང་གིས་གཙོ་འགན་བཞེས་ཏེ་དད་ལྡན་མང་ཚོགས་ཀྱིས་རྒྱུ་ཚེགས་ཕུལ་བའི་ཚོགས་ཆེན་འདུ་ཁང་ཀྭ་བརྒྱ་མའི་ནང་གི་རྟེན་གཙོ་ནི་ལྷ་ཤིང་ཤུག་པས་བཞེངས་པའི་དུས་གསུམ་སངས་རྒྱས་བྱིན་རླབས་མྱུར་འཇུག    ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྨན་སྐུ།   གསེར་ཟངས་ལས་གྲུབ་པའི་ཐུབ་དབང་སྟོང་སྐུ། སྨན་འདམ་གྱིས་བཞེངས་པའི་རྗེ་ཡབ་སྲས་གསུམ་དང་རྗེ་སྟོང་སྐུ།  གསེར་ཟངས་ལས་གྲུབ་པའི་གྲོ་པཎྜི་ཏ་སྐུ་ཕྲེང་དྲུག་གི་འདྲ་སྐུ་བྱིན་ཅན།    དཔག་བསམ་འཁྲི་ཤིང་གི་ཐང་ག་དང་གཞན་སྐུ་གསུང་ཐུགས་རྟེན་དང་མཆོད་པའི་ཡོ་བྱད་སོགས་ལྷམ་མེར་བཞུགས།  བརྒྱུད་པའི་འདུ་ཁང་དུ་རྟེན་གཙོ་རྗེ་ཡབ་སྲས་གསུམ་གྱི་སྨན་སྐུ་མཐོང་བ་ཀུན་གྲོལ་དང་།  ཨ་ལགས་བློ་གོ་ཚང་དང་དད་ལྡན་མང་ཚོགས་ཀྱིས་རྒྱུ་སོང་ཕུལ་བའི་གྲོ་ཚང་སྐུ་ཕྲེང་ལྔ་བའི་གདུང་རྟེན་དངུལ་གདུང་ཆེན་མོ།   གྲོ་ཚང་སྐུ་ཕྲེང་བཞི་བའི་ཕྱག་བཟོས་ཀླུ་དབང་རྒྱལ་བོའི་སྨན་སྐུ་དང་དེའི་ཁང་བཟང་།     ཚེ་ལྷ་རྣམ་གསུམ་གྱི་སྨན་སྐུ་བྱིན་ཅན།     མི་འཁྲུགས་པ་དང་སྒྲོལ་དཀར་གྱི་སྨན་སྐུ་བྱིན་ཅན།   དགེ་བཤེས་བློ་བཟང་བཟོད་པ་ཚང་གི་འདྲ་སྐུ་བྱིན་ཅན།  རྒྱ་གར་ཤར་ལི་མའི་སྟོན་པ་གཙོ་འཁོར་གསུམ།   འཇམ་དབྱངས་ཀུན་གཟིགས།  རྡོ་རྗེ་སེམས་དཔའི་སྨན་སྐུ། གྲོ་པཎྜི་ཏ་སྐུ་ཕྲེང་བཞི་བའི་འདྲ་སྐུ།  དམ་ཅན་ཆོས་རྒྱལ་གྱི་སྨན་སྐུ།  གྲོ་ཚང་སྐུ་ཕྲེང་ལྔ་བས་རྡོ་ལ་བཏབ་པའི་ཞབས་རྗེས་འཁྲུལ་མེད།  པཎ་ཆེན་སྣང་བ་མཐའ་ཡས་ཀྱི་བཞུགས་ཁྲི།  འཇིགས་བྱེད་ལྷ་བཅུ་གསུམ་པའི་སྨན་སྐུ་མྱོང་གྲོལ་ཆེན་མོ།  གཞན་སྐུ་གསུང་ཐུགས་རྟེན་སོགས་མང་བོ་བཞུགས།    སྤྱིར་སྐུ་གསུང་ཐུགས་རྟེན་སྐོར་གྱི་དཀར་ཆགས་གཞན་ན་གསལ་བས་འདིར་མང་བོ་མ་བྲིས།  གྲོ་པཎྜི་ཏས་བཞེངས་པའི་མི་འཁྲུགས་པ་སྟོང་སྐུའི་ལྷ་ཁང་།    གྲུབ་དབང་ཁ་སྤ་ཚང་གིས་བཞེངས་པའི་ཐུགས་རྗེ་ཆེན་པོའི་ལྷ་ཁང་།  རྟ་མགྲིན་ལྷ་ཁང་།  ཆོས་གྲྭ།  མགོན་ཁང་། གྲོ་པཎྜི་ཏས་བཞེངས་པའི་བསྭེ་ཁྲབ་པའི་བཙན་ཁང་།   གྲོ་པཎྜི་ཏས་བཞེངས་པའི་སློབ་གྲྭ་བཅས་སོ།།     

གསུམ་པ།   ཆོས་ཐོག་གི་རིམ་པ།

ཟླ་བ་དང་བོའི་ཚེས་གཅིག་ལ་དཔལ་ལྡན་ལྷ་མོའི་ཚེས་གཏོར། ཚེས་བརྒྱད་ནས་སྨོན་ལམ་ཉིན་བརྒྱད།  བཅུ་བཞིའི་ཉིན་འཆམ་དང་བཅོ་ལྔ་ལ་བྱམས་པ་གླིང་སྐོར།   ཟླ་བ་གཉིས་པའི་ཚེས་གསུམ་ནས་གནས་བཅུ་ཕྱག་མཆོད་ཉིན་གཅིག་དང་།  རྣམ་རྒྱལ་སྟོང་མཆོད་ཉིན་བདུན། སྒྲོལ་དཀར་ཚེ་སྒྲུབ་ཉིན་གཅིག བསྐང་གསོ་ཉིན་གཅིག  ཁྱོན་ཉིན་བཅུ།  ཟླ་བ་གསུམ་པའི་ཚེས་བརྒྱད་ནས་གསང་འདུས་ས་ཆོག་ཉིན་ལྔ། ཚེས་བཅུ་གསུམ་ནས་གསང་འདུས་བདག་འཇུག་ཉིན་བདུན། ཟླ་བ་བཞི་བའི་ནང་ཀུན་རིགས་ས་ཆོག་ཉིན་ལྔ་དང་།  ཚེས་ལྔ་ནས་ཀུན་རིགས་བདག་འཇུག་ཉིན་བདུན། བཅུ་གསུམ་ལ་ལབ་རྩེ།  བཅུ་བཞི་དང་བཅོ་ལྔ་ལ་སྨྱུང་གནས། ཟླ་བ་ལྔ་བའི་ཚེས་བཅུ་ནས་བདེ་མཆོག་ས་ཆོག་ཉིན་ལྔ། ཚེས་བཅོ་ལྔ་ནས་བདེ་མཆོག་བདག་འཇུག་ཉིན་བདུན། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་ལ་བཞུགས་དགོས། བདུན་པའི་ཉེར་དགུ་ལ་དགག་དབྱེ་བྱ། བརྒྱད་པའི་ཚེས་གཅིག་ལ་དབྱར་སྦྱོང་དང་དབྱར་སྟོན།   དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་འཛིན་རིན་པོ་ཆེ་༧ རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ཐེངས་གསུམ་ལ་གྲོ་ཚང་དགོན་དུ་གདན་དྲངས་ཏེ་སྐྱབས་ཁྲིད་དང་ལམ་རིམ་བསྡུས་དོན་གྱི་ཁྲིད།   རྒྱུད་སྡེ་སོ་སོའི་དབང་།  ཚེ་དབང་།  རིགས་གསུམ་གཅིག་སྒྲིལ་གྱི་རྗེས་གནང་།  གཞན་པའི་བཀའ་ཆོས་མང་བོ་བསྩལ་བས་བཀའ་དྲིན་བླ་ལྷག་ཏུ་ཆེ། གཞན་ཡང་ལོ་རེར་དབྱར་གྱི་ནང་དུ་ཨ་ཁུ་ཆོས་གྲགས་ཚང་གདན་དྲངས་ནས་གྲྭ་ཚང་ལ་སྐྱབས་ཁྲིད་དང་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་ཆ་ཚང་།  སུམ་རྟགས་དག་གསུམ།  སྙན་ངག   སྔགས་སྤྱི་དོན།  བསྐྱེད་རིམ་སོགས་བཀའ་ལུང་ཟབ་རྒྱས་གནང་།    རྒྱུན་ལྡན་དུ་དགོན་པའི་སློབ་གྲྭ་ཚོགས་ཏེ་གྲྭ་ཆུང་རྣམས་ལ་ཆོ་ག་ཆོས་སྤྱོད་དང་།  སུམ་རྟགས་དག་གསུམ་དང་ལམ་རིམ་བློ་སྦྱོང་། དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས། ཁ་དོག་དཀར་དམར་དང་བསྡུས་གྲྭ་སོགས་ལ་སློབ་གཉེར་གང་ལ་གང་འཚམ་རེ་གནང་གིན་ཡོད། ཟླ་བ་རེའི་ཡར་ངོའི་མར་ངོའི་གསོ་སྦྱོང་ཐམས་ཅད་མ་ཆག་པར་ཚོགས་བཞིན་ཡོད།  ཟླ་བ་བརྒྱད་པའི་ཚེས་བཅུ་ནས་འཇིགས་བྱེད་ས་ཆོག་ཉིན་ལྔ། ཚེས་བཅོ་ལྔ་ནས་འཇིགས་བྱེད་བདག་འཇུག་ཉིན་བདུན། ཟླ་བ་དགུ་བའི་ཚེས་བཅུ་བཞི་ནས་མི་འཁྲུགས་པའི་ས་ཆོག་ཉིན་ལྔ། ཚེས་བཅུ་དགུ་ནས་ལྷ་བབས་དུས་ཆེན་དང་འབྲེལ་ཏེ་མི་འཁྲུགས་པའི་བདག་འཇུག་ཉིན་བདུན།  ཟླ་བ་བཅུ་བའི་ཚེས་བཅུ་གསུམ་ནས་ཉིན་བདུན་ལ་གྲོ་པཎ་ཌི་ཏའི་ཞབས་རིམ་ལ་ལོ་རེར་གྲྭ་བ་བདུན་རེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་མཚམས་ལ་བཞུགས་པའི་ཕྱག་སྲོལ་དགེ་རྒན་ཆོས་གྲགས་ཚང་གིས་བཙུགས་ཡོད།   ཚེས་ཉེར་གསུམ་ནས་དགའ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་ཏེ་མ་ཎིའི་རིལ་སྒྲུབ་ཉིན་བདུན་ལ་ཚོགས།  ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ནས་ཉིན་གསུམ་ལ་ཡག་གསུམ་དགོན་རྙིང་དུ་ལས་སྣེ་རྣམས་ཀྱིས་བསྐང་གསོ་འདོན་དགོས། ཚེས་བཅོ་བརྒྱད་ཉིན་གྲོ་ཚང་དགེ་བཤེས་ཚང་གི་གདུང་མཆོད།  དེ་ནས་ལས་སྣེ་གསར་ཞུགས་པ་དང་འཆམ་པ་བ་རྣམས་ཀྱིས་བཤར་སྦྱང་བྱ་དགོས། ཟླ་བ་བཅུ་གཉིས་པའི་ཉི་ཤུ་ནས་ཉིན་ལྔ་ལ་དགུ་གཏོར་དང་སྨོན་ལམ་འདོན་པ་བཤར་སྦྱང་དང་མཆོད་ཡོན་པ་དང་འཆམ་པ་བ་རྣམས་ལ་འདོན་རྒྱུགས་དང་འཆམ་རྒྱུགས་ལེན་དགོས། ཉེར་ལྔ་ནས་ཉིན་ལྔ་ལ་དགུ་གཏོར་ལ་ཚོགས་ཏེ་བསྐང་གསོའི་དབྱངས་རྟ་ཐམས་ཅད་དགའ་ལྡན་ཤར་རྩེའི་ཕྱག་ལེན་དངོས་གཙང་མ་ཉམས་པར་རྒྱུན་སྐྱོང་བཞིན་ཡོད།  གནམ་གང་ཉིན་མགོན་པོའི་ལྔ་འཆིང་ལ་ཚོགས་དགོས།  སྒྲིག་ཕྱག་ལེན་དང་རྟེན་གསུམ་གྱི་དཀར་ཆགས་རྒྱས་པ་ལོགས་སུ་བྲིས་ཡོད་པས་འདིར་མང་བོ་མ་བྲིས་སོ།།   བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི།། འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་།། རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར།། ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག།  ཞུ་དག་པ་བཀྲ་ཤིས་ཚེ་རིང་།

责任编辑:俄尖泽仁

扫一扫在手机打开当前页